ཁེ་ན་ཌ་ཝེན་ཀུ་ཝར་ནས་ཡིན་པའི་བོད་པའི་བུ་མོ་ཀུན་བཟང་སྐྱིད་རོང་ལགས་ཀྱིས་བཟོ་སྐྲུན་གནང་བའི་ཡར་ཀླུངས་གཙང་པོ་ཞེས་པའི་འགུལ་རིས་གློག་བརྙན་ཐུང་ངུ་དེ་བྱང་ཨ་མི་རི་ཀའི་འགུལ་རིས་གློག་བརྙན་དུས་སྟོན་ཆེ་ཤོས་གྲས་ཨོ་ཊ་ཝའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་འདེམས་ཐོན་བྱུང་འདུག

ཁེ་ན་ཌ་ཝེན་ཀུ་ཝར་ནས་ཡིན་པའི་བོད་པའི་བུ་མོ་ཀུན་བཟང་སྐྱིད་རོང་ལགས་ཀྱིས་བཟོ་སྐྲུན་གནང་བའི་ཡར་ཀླུངས་ཞེས་པའི་འགུལ་རིས་གློག་བརྙན་ཐུང་ངུ་དེ་བྱང་ཨ་མི་རི་ཀའི་འགུལ་རིས་གློག་བརྙན་དུས་སྟོན་ཆེ་ཤོས་གྲས་ཨོ་ཊ་ཝའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་འདེམས་ཐོན་བྱུང་འདུག

ཡར་ཀླུངས་ཞེས་པའི་འགུལ་རིས་གློག་བརྙན་དེ་ནི་བུ་སྤུན་གསུམ་དང་ཡར་ཀླུངས་གཙང་པོ་དབར་གྱི་འབྲེལ་བ་དང་དེ་བཞིན་ཁོང་རྣམ་པས་སྤྱི་ཚོགས་དང་ཁོར་ཡུག་ཐད་མཐོང་ཕྱོགས་སོགས་ལ་གཞིར་བཞག་ནས་སྐར་མ་ལྔ་ཅན་གྱི་གློག་བརྙན་ཞིག་ཡིན་འདུག འདི་ལོའི་ཨོ་ཊ་ཝའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཀུན་བཟང་ལགས་ཀྱིས་འགུལ་རིས་གློག་བརྙན་འདེམས་ཐོན་བྱུང་བར་ GlacierHub ཞེས་པའི་འཁྱགས་རོམ་ཐད་ཞིབ་འཇུག་དང་འབྲེལ་བའི་གནས་ཚུལ་བཀོད་མཁན་གྱི་ཟིན་བྲིས་སྤེལ་མཁན་ཁོངས་སུ་ཡོད་པ་ Mountain Resiliency ཞེས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཡར་ཐོན་ཚོང་ལས་གསར་འཛུགས་གནང་མཁན་ཚེ་བཅུ་སྒྲོལ་མ་ལགས་ཀྱིས་ཀུན་བཟང་ལགས་སུ་གློག་བརྙན་དེ་འབྲེལ་ཐད་བཅར་འདྲི་ཁག་ཅིག་ཞུས་འདུག་པ་དང་། སྐབས་དེར་ཀུན་བཟང་ལགས་ཀྱིས་སྤྱིར་ཡར་ཀླུངས་གཙང་པོ་ནི་གཙང་པོ་དེར་འཚོ་རྟེན་གནང་མཁན་གྱི་མང་ཚོགས་ཀྱི་འཚོ་བར་མེད་དུ་མི་རུང་བའི་དགོས་མཁོ་ཅན་ཞིག་ཏུ་གྱུར་ཡོད་པ་དང་། དམིགས་བསལ་གྱི་གློག་བརྙན་དེའི་ནང་མཚམས་གཅོད་དང་། བསྟན་པ། བསྟན་འཛིན་བཅས་བུ་སྤུན་གསུམ་དང་གཙང་པོ་དབར་གྱི་འབྲེལ་བ། ལྷག་པར་དུ་ཁོང་ཚོས་སྐབས་འགར་གཙང་པོར་ཞེད་སྣང་བྱེད་ཀྱི་ཡོད་ཀྱང་། སྐྱིད་སྡུག་གི་འཚོ་བ་སྣ་མིན་ལ་མ་བལྟོས་པར་ཡར་ཀླུངས་གཙང་པོ་དང་མིའི་དབར་འབྲེལ་བ་དམ་ཟབ་ཅིག་ཡོད་པ་མངོན་གསལ་གནང་ཡོད་པ་གསུངས་འདུག

གློག་བརྙན་དེར་ཡར་ཀླུངས་ཞེས་འདོགས་དོན་ནི་ཁོང་རང་ཉིད་ཀྱི་ཨ་མ་ལགས་རྒྱ་གར་བྱང་ཤར་ཁུལ་དུ་ཆགས་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་ཁོངས་སུ་ཡོད་པའི་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་སྒར་དུ་སྐྱེས་པ་དང་། ཁོང་ཆུང་དུས་སྐབས་དབྱར་དུས་ཕལ་མོ་ཆེ་ཏི་ཛུ་ལ་བསྐྱོད་ནས་བསྡད་ཀྱི་ཡོད་སྟབས་སྐབས་དེ་དུས་ང་ཚོ་གཙང་པོ་འགྲམ་དུ་ཉིན་རེར་ཐེངས་བཞི་ཙམ་ཕྱིན་ནས་འཁྲུས་གནང་བ་དང་། ཆུ་ལེན་པ། ཕྲུ་གུ་རྣམས་ཆུའི་ནང་རྩེད་མོ་རྩེད་པ་སོགས་གསུངས་པ་དང་ཆབས་ཅིག གཙང་པོ་དེ་མིའི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་གློག་བརྙན་གྱི་མིང་དེ་ལྟར་བཏགས་པ་ཡིན་ཞེས་གསུངས་ཡོད།

ཁོང་གིས་རྒྱ་ནག་གིས་ད་ཆ་ཆུ་མཛོད་གང་བྱུང་གསར་རྒྱག་བྱས་ནས་བོད་ནས་འབབ་པའི་གཙང་པོ་དེ་དག་ལ་རྟེན་མཁན་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་མི་མང་དག་གི་འཚོ་རྟེན་ལ་ཤུགས་རྐྱེན་དུ་མ་སྤྲོད་བཞིན་ཡོད་སྟབས་དེ་འབྲེལ་ཐད་དངོས་བྱུང་གློག་བརྙན་ཞིག་བཟོ་རྒྱུར་དགོངས་པ་འཁོར་ཡོད་ཀྱང་། རྣམ་ཀུན་ནས་རང་ཉིད་སྒྲུང་ཉན་རྒྱུ་དང་བཤད་རྒྱུ་ལ་དགའ་པོ་ཡོད་རྐྱེན་ད་རེས་གློག་བརྙན་འདི་བརྒྱུད་ནས་ཡར་ཀླུངས་གཙང་པོ་དེ་མིའི་འཚོ་བར་རིན་ཐང་ཇི་ཙམ་ཆགས་ཡོད་པ་ཤེས་རྟོགས་སླད་དུ་བཟོ་སྒྲིག་གནང་སྐོར་གསུངས་འདུག

རྩ་བའི་ཀུན་བཟང་སྐྱིད་རོང་ལགས་ནི་ཁེ་ན་ཌར་རྟེན་གཞི་བྱས་པའི་ Emily Carr སྒྱུ་རྩལ་དང་བཟོ་བཀོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཉེ་ལམ་སློབ་ཐོན་ཟིན་པ་དང་།ད་ལྟའི་ཆར་ཁོང་ Puppet animation ཞེས་པའི་འགུལ་རིས་ཐད་ཕྱག་ལས་གནང་མུས་ཡིན་པ་རེད།