དེ་རིང་སྔ་དྲོ་ཕྱག་ཚོད་༩ དང་ཕྱེད་ཀའི་སྟེང་། དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ།  རྒྱལ་ཁབ་མ་འདྲ་བ་དགུ་ལྷག་གི་སློབ་ཕྲུག་གྲངས་ཉེར་བདུན་ཙམ་ལ་སྐབས་དང་པོའི་བཀའ་བཅུའི་འཛིན་གྲྭ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་གནང་སོང་།

དེ་རིང་སྔ་དྲོ་ཕྱག་ཚོད་༩ དང་ཕྱེད་ཀའི་སྟེང་། དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ།  རྒྱལ་ཁབ་མ་འདྲ་བ་དགུ་ལྷག་གི་སློབ་ཕྲུག་གྲངས་ཉེར་བདུན་ཙམ་ལ་སྐབས་དང་པོའི་བཀའ་བཅུའི་འཛིན་གྲྭ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་གནང་སོང་། སྐབས་དེར། དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་སྨན་རྩིས་ཁང་གི་ལོ་རྒྱུས་ཀྱི་ནང་དུ། ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་ལ་བོད་སྐད་བོད་ཡིག་གི་ལམ་ནས་གསོ་བ་རིག་པ་དང་དཀར་རྩིས་སོགས་སློབ་ཁྲིད་བྱ་རྒྱུའི་སྐབས་དང་པོའི་སློབ་མ་བསྡུ་ལེན་བྱས་པ་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ནང་གི་ཐོག་མ་དེ་ཆགས་ཡོད་སྐོར་དང་འབྲེལ་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་དུ་ཕྱི་ལོ་ ༡༩༦༡ ལོར་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ། སྐབས་དེར་སྨན་རྩིས་ཁང་ལ་མི་ཆ་དང་དཔལ་འབྱོར་གྱི་དཀའ་ངལ་ཡོད་ནའང་། ལོ་ངོ་སུམ་བཅུ་བཞི་བཅུའི་རྗེས་སུ་སྨན་རྩིས་ཁང་དེ་རྒྱལ་སྤྱིའི་སྟེང་ལ་ཁྱབ་ཐུབ་པ་ཞིག་བྱུང་ཐུབ་པའི་མ་འོངས་ལུང་བསྟན་གནང་བ་ལྟར། ད་ཆ་བོད་ཀྱི་སྨན་རྩིས་ཁང་གི་ལས་དོན་གང་ཅིའི་ཐད་ནས་དར་ཁྱབ་བྱུང་ཡོད་པར་གསུངས་སོང་། དེ་བཞིན་འདི་གའི་གསར་འགོད་པའི་འགན་འཛིན་ལགས་སུ་ཕྱི་རྒྱལ་གྱི་སློབ་མ་རྣམས་ལ་བོད་སྐད་བོད་ཡིག་སློབ་ཁྲིད་ཀྱི་དགོས་བ་དམིགས་འདུན་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་དབུས་སྨན་རྩིས་ཁང་གི་མཐོ་སློབ་དེ་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོར་བྱས་ཟིན་ཡོད་སྟབས། བཞུགས་སྒར་ཁུལ་དུ་ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་དང་ཡི་གེ  དེ་བཞིན་གསོ་རིག་དང་དཀར་རྩིས། གཞན་ཡང་ནང་ཆོས་ཀྱི་ལྟ་གྲུབ་སོགས་སློབ་ཁྲིད་ཀྱིས་ནམ་ཞིག་སློབ་མ་རྣམས་སློབ་མཐར་ཕྱིན་ནས་རང་རང་གི་རྒྱལ་ཁབ་ཏུ་ཕྱིར་ཕེབས་སྐབས།  བོད་ཀྱི་ཆོས་དང་རིག་གཞུང་གི་རྨང་གཞིའི་ཐོག་ནས་ཕར་ཕྱོགས་ཀྱི་སྤྱི་ཚོགས་ལ་ཕན་རླབས་སྐྲུན་ཐབས་སུ་སྐབས་དང་པོའི་བཀའ་བཅུའི་འཛིན་གྲྭ་དེ་དབུ་འཛུགས་གནང་བ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་།


སྐབས་དེར་གསར་འགོད་པའི་ཨ་རི་ནས་ཡིན་པའི་ཁཱེ་ལི་ཞེས་པའི་བུད་མེད་སློབ་ཕྲུག་ཅིག་ལ་འཛིན་གྲྭ་འདིར་ཞུགས་དོན་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།  ཁོང་མོ་མི་གཞན་ལ་ཕན་སེམས་སྒྲུབ་འདོད་ཀྱི་བློ་ཡོད་པ་དང་། སློབ་མཐར་ཕྱིན་རྗེས་ཕྱིར་ཨ་རིར་སྐྱོད་ནས་བོད་ཀྱི་གསོ་རིག་བརྒྱུད་ནས་ནད་པ་རྣམས་ལ་རོགས་པ་བྱེད་རྒྱུ་ཡིན་པར་གསུངས་སོང་།གཞན་ཡང་ཁོང་ལ་ནུབ་ཕྱོགས་ཀྱི་ཕྱི་ལུགས་ཀྱི་སྨན་དང་བོད་ཀྱི་གསོ་བ་རིག་པ་གཉིས་ཀྱི་ཁྱད་པར་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་དེ་ནད་གྱི་གཞི་རྩ་བཅོས་ཐུབ་མཁན་ཞིག་ཡིན་པར་ཡིད་ཆེས་ཡོད་པ་དང་། ཕྱི་ལུགས་ཀྱི་སྨན་དེ་དུས་ཚོད་ཐུང་ཐུང་ནང་བེད་སྤྱོད་ཆེན་པོ་ཡོད་ཀྱང་། གསོ་རིག་ལྟར་ནད་ཀྱི་གཞི་རྩར་སྨན་བཅོས་བྱེད་རྒྱུར་དེ་ཙམ་ཕན་ཐོགས་མེད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པར་གསུངས་སོང་།དེ་བཞིན་ཨུ་རུ་སུ་ནས་ཡོང་བའི་སློབ་ཕྲུག་ཅིག་ལ་འཛིན་གྲྭ་འདིར་ཞུགས་དོན་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཁོང་གིས་ཨུ་རུ་སུའི་ཁུལ་དུ་བོད་ཀྱི་གསོ་རིག་སྨན་པ་མཉམ་དུ་ཕྱག་ལས་གནང་མྱོང་ཡོད་པ་དང་། ཁོང་གིས་དགེ་རྒན་གྱི་ལམ་སྟོན་གྱི་འོག་ནས་བཀའ་བཅུའི་འཛིན་གྲྭ་འདིར་ཞུགས་ནས་མ་འོངས་བར་གསོ་རིག་གི་སྨན་པ་ཞིག་བྱེད་འདོད་ཡོད་སྐོར་གསུངས་སོང་།གཞི་རྩའི་རྒྱ་གར་གཞུང་གིས་ཕྱི་ལོ་ ༡༩༥༥ ལོར་ལྷ་ས་སྨན་རྩིས་ཁང་གི་ཕྱག་འཁྱེར་ཐོག་མར་ངོས་འཛིན་བྱས་པ་དང་། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་གསོ་བ་རིག་པའི་ཁྱབ་ཁོངས་སུ་སྨན་རྩིས་ཁང་གིས་བཀའ་བཅུ་བའི་ཕྱག་འཁྱེར་ངོས་འཛིན་བྱས་པ་ཡིན་པ་ལྟར།  ད་ལྟའི་ཆར་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཁྱབ་ཁོངས་སུ། རྒྱ་གར་གྱི་ནང་དུ་ཡན་ལག་སྨན་ཁང་དྲུག་ཅུ་ལྷག་དང་། དེ་བཞིན་ཨུ་རུ་སུ་དང་ཨ་རི། པཱོ་ལན་ཊི་སོགས་ཀྱི་ནང་དུ་ཡང་སྨན་རྩིས་ཁང་གི་ཡན་ལག་གི་སྨན་ཁང་བཙུགས་ཡོད་པ་ལྟར། རིམ་བཞིན་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་གཅིག་པོ་ཙམ་མིན་པར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཡང་ཡན་ལག་གི་སྨན་ཁང་འཛུགས་འཆར་ཡོད་པ་རེད།


https://vot.org/wp-content/uploads/2021/01/kyab-mixed-13th-final-.mp3

Download