ས་གནས་སོ་སོའི་གནས་སྟངས་སོགས་ལ་གཞིགས་ཏེ་འོས་འཕེན་པའི་མིང་ཐོ་སྣོན་འཕྲི་བྱ་རྒྱུ་རིགས་ཐོན་ཚེ་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༠ པའི་དགོངས་དོན་འོག་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་ཁྱོན་ཉིན་གྲངས་ ༡༤ བཞག་གནང་འདུག་པ་དང་དེ་ནས་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་འོས་འཕེན་པའི་མིང་གཞུང་དེབ་འགོད་ངེས་པར་དུ་ཟིན་དགོས་པ་མ་ཟད་ས་གནས་སོ་སོའི་དེབ་འགོད་ཐོ་གཞུང་གི་མཉེན་བཤུལ་དབུས་ལོས་བསྡུ་ལས་ཁང་ལ་ངེས་འབུལ་གནང་དགོས་ཀྱི་འདུག

ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཁག་དངོས་སུ་དབུ་འཛུགས་ཟིན་པ་ལྟར། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བཞེས་མཁན་མང་ཚོགས་རྣམ་པས་འདི་ལོའི་ཟླ་ ༩ ཚེས་ ༡ ནས་ཟླ་ ༡༠ ཚེས་ ༡༥ ནང་ཚུད་ལ་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་ཟིན་པ་དགོས་ཀྱི་འདུག

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་དུ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་དབུས་པའི་འགན་འཛིན་ལས་འཕར་རྣམ་གཉིས་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། དེ་སྔ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གནང་བའི་དགོངས་དོན་ཁག་ལ་གཞིགས་ཏེ་འདི་ལོའི་འོས་འཕེན་པའི་མིང་གཞུང་དེབ་འགོད་གསར་དུ་གནང་གཏན་འཁེལ་ཡོད་པ་ལྟར། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བཞེས་མཁན་མང་ཚོགས་རྣམ་པས་ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ ནང་ཚུད་ལ་དོ་བདག་སོ་སོའི་ས་གནས་སུ་ཆེད་འཛུགས་གནང་བའི་ས་གནས་འོས་བསྡུ་ལས་ཁང་ལ་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་ཟིན་པ་དགོས་པ་མ་ཟད། མིང་གཞུང་དེབ་འགོད་ཀྱི་སྐབས་སུ་དོ་བདག་སོ་སོའི་ཐོབ་ཁུངས་གང་ཡིན་ཁ་གསལ་འཁོད་པ་གནང་དགོས་ཀྱི་འདུག  

ས་གནས་སོ་སོའི་གནས་སྟངས་སོགས་ལ་གཞིགས་ཏེ་འོས་འཕེན་པའི་མིང་ཐོ་སྣོན་འཕྲི་བྱ་རྒྱུ་རིགས་ཐོན་ཚེ་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༠ པའི་དགོངས་དོན་འོག་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་ཁྱོན་ཉིན་གྲངས་ ༡༤ བཞག་གནང་འདུག་པ་དང་དེ་ནས་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་འོས་འཕེན་པའི་མིང་གཞུང་དེབ་འགོད་ངེས་པར་དུ་ཟིན་དགོས་པ་མ་ཟད་ས་གནས་སོ་སོའི་དེབ་འགོད་ཐོ་གཞུང་གི་མཉེན་བཤུལ་དབུས་ལོས་བསྡུ་ལས་ཁང་ལ་ངེས་འབུལ་གནང་དགོས་ཀྱི་འདུག

གཞི་རྩའི་འོས་འཕེན་པའི་མིང་གཞུང་དེབ་འགོད་འདི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ ནང་གསལ་ལྟར། གང་ཟག་དོ་བདག་དེ་ཉིད་བོད་ཀྱི་ཡུལ་མི་ཡིན་པ་གང་ཞིག་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༡ བར་རང་ལོ་ ༡༨ ཧྲིལ་པོ་ལོན་པ་དང་། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་བཙན་བྱོལ་བོད་མིའི་དྭངས་བླང་དཔྱ་དངུལ་ངེས་འབུལ་ཟིན་པ། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཁྲིམས་ལུགས་ཁག་དང་ཕྱོགས་འགལ་མིན་པ་བཅས་ནས་མིང་གཞུང་དེབ་འགོད་ཆོག་གི་ཡོད་པ་རེད།

འོན་ཀྱང་སྐྱེ་བོ་གང་ཞིག་བོད་ཀྱི་ཡུལ་མི་མིན་པ་དང༌བོད་ཀྱི་ཡུལ་མི་ལོ་ཚད་མ་ལོན་པ། དེ་བཞིན་དཔྱ་དངུལ་འབུལ་ཆད་ཡོད་པ་དང་། འོས་འཕེན་གྱི་ཐོབ་ཐང་འཕྲོག་ཟིན་པ་སོགས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༡༨ ཀྱི་ནང་གསེས་ ༥ པའི་ནང་གསལ་རིགས་ནས་མིང་གཞུང་དེབ་འགོད་ཆོག་གི་མེད་པ་རེད།

དེ་བཞིན་སྤྱི་ཁྱབ་འགན་འཛིན་མཆོག་ནས་འོས་བསྡུའི་ལས་རིམ་འདི་ནི་རྒྱལ་ཁབ་ཅིག་གི་འགོ་ཁྲིད་འདེམས་སྒྲུག་གནང་རྒྱུའི་ལས་དོན་ཞིག་ཡིན་སྟབས་མང་ཚོགས་ནས་དོ་སྣང་གནང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ལས་རིམ་ནང་ཆ་ཤས་བཞེས་མཁན་ཚོས་འོས་བསྡུའི་སྒྲིག་གཞིར་དོ་སྣང་དང་། དེབ་འགོད་ངེས་པར་དུ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།

རྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོའི་སྐབས་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་བྱེད་མཁན་ ༨༣༩༩༠ བྱུང་བའི་ནང་ནས་དངོས་སུ་འོས་འཕེན་མཁན་མི་གྲངས་ ༤༩༡༨༤ བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས་སུ་ཁྱོན་འོས་འཕེན་པ་དེབ་སྐྱེལ་གནང་མཁན་ ༩༠༣༧༧ བྱུང་བའི་ནང་ནས་དངོས་གཞིར་འོས་བླུག་མཁན་མི་གྲངས་ ༥༩༣༥༣ བྱུང་ཡོད་པ་རེད།